ཕུགས་འདུན།

རྩོམ་ཡིགརིག་གནས།

རིག་གནས།

ཉེན་འགག་བར་ཆད་ལམ་སེལ།

རྒྱལ་ཁབ་ཅིག་གི་ངོས་ཐད་ནས་གླེང་ན་ང་ཚོའི་གནས་སྟངས་ག་འདྲ་ཞིག་ལ་སླེབས་ཡོད་དམ། མི་རིགས་ཤིག་གི་ངོས་ཐད་ནས་བརྗོད་ན་ང་ཚོ་ལ་སང་ཉིན་ཡོད་དམ། དྲི་བ་འདི་དག་ནི་མི་རིགས་ཤིག་གི་ལས་དབང་དང་ཐད་ཀར་འབྲེལ་བ་ཡོད་པས། ང་ཚོས་དྲི་བ་འདི་དག་ངེས་པར་རང་ཉིད་ལ་འདྲི་དགོས།

  • ཉེན་འགག།
  • བར་ཆད་ལམ་སེལ།

ད་ལྟའི་གཞི་རྩའི་གནད་དོན་ནི་ང་ཚོའི་མི་རིགས་དང་རིག་གནས། དཔལ་ཡོན་སོགས་འཆི་གསོན་ངེས་མེད་ཀྱི་ཆེས་གཉན་འཕྲང་གི་དུས་མཚམས་ཤིག་ལ་གནས་ཡོད། མི་ལོ་སྟོང་ཕྲག་ལྷག་གི་རིང་དུ་མདོ་དབུས་མཐོ་སྒང་གི་གནས་བདག་ངོ་མ་ཡིན་པའི་མི་རིགས་ཤིག འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ནང་དུ། སོ་སོའི་ལས་དབང་དང་མ་འོངས་པའི་མདུན་ལམ་ཐག་གཅོད་བྱེད་དབང་མེད་པའི་མི་རིགས་ཤིག་ཏུ་བསྒྱུར་ཡོད།

མི་རིགས་རྩ་མེད་གཏོང་བའི་ལམ་ལུགས་དེའི་དབང་གིས། ང་ཚོས་རང་ཉིད་ཀྱི་ས་ཆའི་བདག་དབང་དང་། རི་ཆུ་ནགས་གསུམ་དང་འབྲེལ་བའི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་། འགྲོ་བ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་སོགས་ཤོར་བ་ཙམ་མ་ཟད། ད་ཆ་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ཀྱང་མི་རབས་རྗེས་མར་བརྒྱུད་སྤྲོད་བྱེད་མི་ཐུབ་པའི་ཆེས་ཚབས་ཆེ་བའི་གནས་སྟངས་ཤིག་ལ་སླེབས་ཡོད། དེར་མ་ཟད། ང་ཚོར་རང་ཉིད་ཀྱི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་དག་རང་ཁྱིམ་ནས་སྐྱོང་བའི་རང་དབང་ཡང་མེད། གནས་སྟངས་འདི་འདྲ་ཞིག་རིག་གནས་གསར་བརྗེའི་དུས་སྐབས་སུའང་བྱུང་མྱོང་མེད།

དེ་ལས་ཀྱང་འགག་རྩར་གྱུར་བའི་གནད་དོན་ཞིག་ནི་དགོང་ལོ་བགྲེས་བཞིན་པའི་རྒྱལ་བ་ཁོང་གི་ཚེ་རབས་ཕྲེང་བའི་རྒྱུན་སྐྱོང་གི་དཀའ་ངལ་སྐོར་ཡིན། གཞན་ཡང་ས་ཁམས་ཆབ་སྲིད་དང་། དམག་འཁྲུག གནམ་གཤིས་འགྱུར་ལྡོག ནད་ཡམས་སོགས་ཀྱི་དབང་གིས་འཛམ་གླིང་ཧྲིལ་པོ་ཡང་འཁྲུག་ཆ་ཆེ་བའི་གནས་བབ་ཅིག་གི་ཁྲོད་དུ་ལྷག་ཡོད་སྟབས། ད་ནི་མ་འོངས་པར་མཇུག་འབྲས་ཚབས་ཆེན་འབྱུང་ངེས་པའི་འགྱུར་ལྡོག་འདི་དག་ལ་གོ་མེད་ཚོར་མེད་དུ་སྡོད་པའི་དུས་སྐབས་ཤིག་ཡེ་ནས་མིན། ང་ཚོས་ནམ་ཡོང་ངེས་མེད་ཀྱི་འགྱུར་ལྡོག་ལ་སྔོན་དཔག་གི་གྲ་སྒྲིག་བྱས་ཏེ་རང་ཉིད་ཀྱི་འཚོ་གནས་སྲ་བརྟན་ཡོང་བར་ཁག་ཐེག་བྱས་ན་མ་གཏོགས། འགྱུར་ལྡོག་དེས་ང་ཚོ་འཆི་བའི་འཕྲང་ལམ་དུ་འདེད་ངེས་ཡིན།

ཡིན་ནའང་། དཀའ་ཚེགས་ཆེ་ལ་ངེས་གཏན་མེད་པའི་དུས་འགྱུར་ཆེན་པོ་དེ་འདྲས་ཕྱོགས་ཡོངས་ཀྱི་གནས་བབ་བཟང་ཕྱོགས་སུ་ཁ་ལོ་བསྒྱུར་བའི་གོ་སྐབས་བཟང་པོའང་བསྐྲུན་སྲིད་པས། ང་ཚོས་རང་རེའི་ཕ་ཡུལ་གྱི་བདག་པོ་རང་གིས་བྱེད་པའི་གཞི་རྩའི་ཁྲིམས་མཐུན་གྱི་ཐོབ་ཐང་དང་རྩོད་མེད་ཀྱི་བདག་དབང་སླར་གསོ་བྱེད་པའི་མ་འོངས་པའི་ཕུགས་འདུན་ཞིག་ལ་རེ་སྙེག་བྱ་རྒྱུ་གལ་ཆེ།

མ་འོངས་པར་སོ་སོའི་ཕ་ཡུལ་གྱི་བདག་པོ་རང་གིས་བྱེད་ཐུབ་པར། ང་ཚོས་ངེས་པར་དུ་མི་རབས་གསར་པ་དག་གི་ཤ་རུས་ཀྱི་གསེང་དུ་རིག་གནས་ཀྱི་བླ་སྲོག་གི་ཁྲག་རྒྱུན་མི་ཆད་པའི་ཁག་ཐེག་བྱེད་ཐུབ་དགོས་ལ། རང་ཉིད་ལ་ཕུགས་རྒྱང་རིང་བའི་འཐབ་བྱུས་ཀྱི་བསམ་བློ་དང་གོ་རིམ་ལྡན་པའི་འཆར་འགོད་ཀྱི་ནུས་པ་བསྐྲུན་པའི་ཐོག་ནས་སྔ་ས་ནས་གྲ་སྒྲིག་བྱས་ཏེ་ཆག་འཇིག་གི་ཉེན་ཁ་རེ་རེ་བཟང་ཕྱོགས་ལ་འགྱུར་བ་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཏུ་བསྒྱུར་དགོས།

འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། རང་རེའི་མི་རིགས་འདིར་དཀའ་ངལ་ཡོད་ཚད་ལས་རྣམ་པར་རྒྱལ་ཐུབ་པའི་ནུས་པ་ཡོད་པ་གསལ་པོར་མཐོང་ཐུབ་པས། མ་འོངས་པར་ཡང་མི་རིགས་འདི་གཏོར་བཤིག་གི་ཐལ་རྡུལ་གྱི་ཀློང་ནས་སླར་ཡར་གསོན་ཤུགས་རྒྱས་ཏེ་སྟོབས་ཀྱིས་འགྱིང་ངེས།

དེར་མ་ཟད། དཀའ་ངལ་དང་སྐྱིད་སྡུག་ལེགས་ཉེས་གང་གི་ཁྲོད་དུའང་ང་ཚོ་དང་མཉམ་དུ་གནས་ཤིང་། ཚེ་རབས་ཀུན་ཏུ་སྙིང་རྗེ་ཆེན་པོའི་ཐུགས་ཀྱིས་རྗེས་སུ་འཛིན་མཁན་གྱི་དབུ་ཁྲིད་ཅིག་ཡོད་པ་ནི་ང་ཚོ་སྤྱི་བའི་བསོད་ནམས་ཡིན་ལ། ཕྱག་ན་པདྨོའི་ཞལ་ཟུང་དྲོན་མོ་ནས་དམ་ཚིག་གཙང་བའི་གངས་ཅན་པ་ཚོའི་ཆེད་དུ་སྐུ་ཚེའི་ཕྲེང་བ་རང་དབང་གི་ཡུལ་ལུང་ཞིག་ཏུ་རྒྱུན་མཐུད་རྒྱུ་ཡིན་པའི་ཞལ་བཞེས་དམ་བཅའ་བརྟན་པོར་མཛད་ཡོད་པར་བརྟེན། མུན་ནག་ཅི་འདྲ་རྔམས་མཐུག་རུང་། རྒྱང་རིང་གི་སྐར་ཆེན་ཞིག་གིས་ང་ཚོར་རྟག་ཏུ་འོད་ཀྱི་སྐྱོར་མ་མཛད་ངེས་པ་ཡིད་ལ་དྲན་དགོས་པ་མ་ཟད། རང་དབང་ལ་ཕྱོགས་པའི་རྩོལ་བ་མཐའ་དག་མི་རིགས་ཤིག་གི་ལས་དབང་ལ་འབྲེལ་བ་དམ་ཟབ་ཡོད་སྟབས། དེ་དག་ངལ་བ་འབྲས་མེད་དུ་འགྱུར་སྲིད་པའི་དོགས་པ་ནམ་ཡང་བྱེད་མི་རུང་།

ང་ཚོ་མ་འོངས་པར་འབྱུང་སྲིད་པའི་འགྱུར་ལྡོག་དག་ལ་ཚོར་མེད་ངང་ཟུར་ནས་ལྟད་མོ་ལྟ་མཁན་དེ་མ་ཡིན་པར། དེ་ལ་འགྱུར་བ་གཏོང་མཁན་ཞིག་བྱ་རྒྱུའི་ཕུགས་བསམ་བཅང་དགོས། ང་ཚོ་མི་རེ་རེར་ཐུན་མོང་གི་མདུན་ལམ་ལ་འགྱུར་བ་གཏོང་རྒྱུའི་ཐོབ་ཐང་དང་འགན་འཁྲི་གཉིས་ཀ་ཡོད།

དེར་བརྟེན། ང་ཚོས་ངེས་པར་དུ་བསམ་བློ་དང་ལག་ལེན་གཉིས་ཀྱི་ཐད་ནས་མཐུན་པའི་ལག་རྡང་དམ་དུ་སྦྲེལ་ཏེ། སོ་སོའི་ཐོབ་ཐང་རྩོད་ལེན་བྱེད་དགོས་ལ། ཆེ་མཐོང་དང་སྤོབས་པ། རང་དབང་བཅས་ཀྱི་རྩ་བ་ཚུགས་པའི་མ་འོངས་པའི་མདུན་ལམ་གསར་པ་ཞིག་བསྐྲུན་དགོས། ང་ཚོས་འདས་པའི་ལོ་རྒྱུས་ཁྲོད་དུ་དེ་ལྟར་བྱས་མྱོང་ལ། མ་འོངས་པར་ཡང་དེ་ལྟར་བྱ་ཐུབ་ངེས་སོ།།

དང་པོ། ཅི་ཞིག་ལ་ཉེན་འགག་གི་དུས་སྐབས་ཟེར།

སྤྱི་ཚོགས་ཡོངས་ལ་དཀའ་ངལ་དང་ཉེན་ཁ་ཚབས་ཆེན་བྱུང་སྟེ་མ་འོངས་པའི་ཁ་ཕྱོགས་གང་དུ་འགྱུར་མིན་ངེས་གཏན་མེད་པའི་ཆེས་འགག་རྩའི་དུས་སྐབས་ཤིག་ལ་ཟེར། ཉེན་འགག་དུས་སྐབས་ནི་སྐབས་རེར་གློ་བུར་དུ་འབྱུང་ངེས་པ་དང་སྐབས་རེར་རིམ་ཅན་དུ་འབྱུང་ངེས་པ་རེད། དཔེར་ན་ཏོག་དབྱིབས་ནད་ཡམས་ལྟ་བུ་དང་། ས་འགུལ་དང་ཆུ་ལོག་སོགས་རང་བྱུང་གི་གནོད་འཚེ་ལྟ་བུ་མངོན་གསལ་དང་འཇིགས་ཉེན་ཆེན་པོས་མི་རྣམས་ཀྱི་འཚོ་བར་འཕྲལ་དུ་གནོད་པའི་ཉེན་འགག་གློ་བུར་བའི་རིགས་ཤིག་དང་། ཡང་བོད་ཀྱི་སྐད་དང་ཡི་གེས་མཚོན་པའི་མི་རིགས་ཀྱི་ངོ་བོ་སོགས་རིམ་བཞིན་མེད་པར་གཏོང་ཐབས་བྱེད་བཞིན་པའི་ཤུགས་རྐྱེན་འཕྲལ་དུ་མངོན་གསལ་མེད་ནའང་། དུས་སུ་སླེབས་ན་ངན་སྐྲན་ལྟར་སྲོག་དང་རྩ་བར་གནོད་པ་བསྐྱལ་ངེས་པ་ལྟ་བུའི་ཉེན་འགག་རིམ་ཅན་གྱི་རིགས་ཤིག་ཀྱང་ཡོད།

གཉིས་པ། བོད་པས་ཉེན་འགག་གི་དུས་སྐབས་གང་དག་ལ་གདོང་ལེན་བྱ་དགོས་སམ།

ཀ༽ ཕྱག་ན་པདྨོའི་དགུང་ལོའི་བབ་དང་བསྟུན་ནས་སྐུ་ཚེའི་ཕྲེང་བ་རིམ་བརྒྱུད་ཀྱི་ལས་དོན་ཐག་གཅོད་བྱ་རྒྱུར་ཐེ་ཇུས་བྱ་ངེས་པ།

ཁ༽ ཕ་མ་བུ་ཚ་ཁྱིམ་གཅིག་ཏུ་འདུག་པའི་གོ་སྐབས་འཕྲོག་པའི་རྐྱེན་གྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་ངོ་བོ་སྲུང་སྐྱོབ་ལ་གཏོར་བརླག་ཐེབས་བཞིན་པ།

ག༽ ས་ཞིང་བཙན་འཕྲོག་དང་ཁོར་ཡུག་ལ་གཏོར་བཤིག་གཏོང་བཞིན་པ།

ང༽ བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གོ་སྐབས་མགྱོགས་མྱུར་ངང་ཤོར་བཞིན་པ།

ཅ༽ བོད་ཀྱི་ཆོས་ལུགས་དང་སྲོལ་རྒྱུན་རིག་གནས། སྐད་ཡིག་བཅས་རྒྱ་བསྒྱུར་བྱེད་བཞིན་པ།

གསུམ་པ། གལ་ཏེ་གངས་རིའི་ཉི་མ་གཞན་ཡུལ་ནས་ནུབ་སྟེ། གཞིས་བྱེས་ལྷན་འཛོམས་བྱུང་མ་ཐུབ་ཚེ་ཅི་བྱ།

གཅིག། ཕྱག་ན་པདྨོས། ནམ་མཁའ་སྨག་མུན་གྱིས་ཇི་ཙམ་འཐིབས་པར་གྱུར་ནའང་། ནམ་ཡང་རེ་བ་མ་བརླག་པར་གྱིས་ཤིག། རང་རེའི་བོད་ཀྱི་གཏམ་དཔེར། ལན་དགུར་འགྱེལ་ན་ལན་དགུར་ལངས། ཞེས་པ་ལྟར་བྱེད་དགོས། སྤྲིན་པའི་རྒྱབ་ལ་འོད་སྟོང་ལྡན་པའི་ཉི་མས་བསྒུགས་ནས་གནས་བཞིན་པ་དེ་རྟག་ཏུ་དྲན་དགོས་ཅེས་གསུངས་བ་ལྟར། དུས་སྐབས་དེ་ལྟ་བུ་ཞིག་ལ་བོད་མི་རྣམས་ཀྱིས་སྙིང་སྟོབས་ཞུམ་མེད་ཀྱིས་མུ་མཐུད་ནས་མི་རིགས་ཀྱི་ལས་དོན་ལ་སྔར་ལས་འབད་དགོས་པ།

གཉིས། 「སྐྱེ་བ་སྔ་ཕྱིའི་འདོད་ཚུལ་ཐེ་བའི་ཆོས་ལུགས་ལ་དངོས་སུ་རྒོལ་ཞིང་དགག་པ་བྱེད་མཁན་རྒྱ་ནག་དམར་པོའི་གཞུང་གིས། བླ་མའི་ཡང་སྤྲུལ་སྤྱི་དང་། ཁྱད་པར་རྒྱལ་བའི་ཡང་སྲིད་ངོས་འཛིན་གྱི་ཐོག་ལ་ཐེ་བྱུས་བྱེད་པ་ནི་ཆེས་མ་འཚམ་པ་ཡིན་ལ། དེ་ལྟར་བགྱི་བ་ནི་སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཡང་རྒྱབ་འགལ་དུ་སོང་བར་བརྟེན། རྫུན་སྤྱོད་དང་ངན་གཡོ་འབའ་ཞིག་ཡིན་」ཞེས་གསུང་བ་ལྟར། བོད་མི་རྣམས་ཀྱིས་ཡང་སྲིད་རྗེས་མ་དེ་ཡང་། འཛམ་གླིང་རང་དབང་ལུང་པའི་ནང་འཁྲུངས་རྒྱུའི་ཞལ་གསུང་ལྟར་ངོས་འཛིན་རྒྱུ།

གསུམ། ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ། དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་རུང་ཞེས་གཞུང་འབྲེལ་གསལ་བསྒྲགས་སུ་གསུངས་བ་ལྟར། རྒྱལ་བའི་བཀའ་དང་ལམ་སྟོན་ཁོ་ནར་གཞི་བཅོལ་ཏེ་ཐུན་མོང་གི་ཕུགས་འདུན་བསྙེག་དགོས་པ།

བཞི། 「ང་ཚོའི་འཐབ་རྩོད་ནི། ཐུན་མིན་སྲིད་པའི་དཔལ་ཡོན་གྱི་བྱུང་རབས་ཡུན་རིང་ལྡན་པའི་མི་རིགས་ཤིག་གི་འཐབ་རྩོད་ཡིན་པར་བརྟེན། ཅི་སྟེ་དུས་ཀྱི་ཆ་ནས་དགོས་མཁོ་བྱུང་ཚེ། ངོས་ཀྱི་མི་ཚེའི་རྗེས་སུ་ཡང་རྒྱུན་མཐུད་ནས་གནས་ངེས་རེད། བོད་མི་ཚོའི་རང་ཡུལ་རང་གིས་སྲུང་ཞིང་སྐྱོང་བའི་ཐོབ་ཐང་དེ་དུས་ནམ་ཡང་འཕྲོག་ཐུབ་ཀྱི་མ་རེད་ལ། དེ་བཞིན་བོད་མིའི་རང་དབང་གི་མངོན་འདོད་དེ་བཙན་གནོན་ལ་བརྟེན་ནས་ཉམས་ཉེས་སུ་ནམ་ཡང་གཏང་ཐུབ་ཀྱི་མ་རེད།」

ལྔ། དུས་སྐབས་འདི་ལྟ་བུ་ཞིག་ལ་ང་ཚོར་དགོས་པ་ཉག་ཅིག་ནི། བཟློག་ཏུ་མེད་པའི་སེམས་ཤུགས་དང་། འགྱུར་བ་མེད་པའི་དམ་བཅའ། ཞུམ་པ་མེད་པའི་སྙིང་སྟོབས། གཞོམ་ཐབས་བྲལ་བའི་ཆིག་སྒྲིལ་བཅས་རེད།

བཞི་པ། དུས་འགྱུར་དང་ཟིང་འཁྲུག་སོགས་ཀྱི་དབང་གིས་རྒྱལ་ཁབ་བརྟན་པོ་མེད་པར་ཆགས་ན། སྐབས་དེར་འཕྲད་སྲིད་པའི་དཀའ་ངལ་དག་ལ་ཅི་ལྟར་གདོང་ལེན་བྱ་དགོས།

ཉེན་གཡོལ་དང་འཇིགས་སྐྱོབ་བྱེད་ཐབས་གཙོ་བོ་ཞིག་ནི་གྲ་སྒྲིག་སྣ་མང་བྱ་རྒྱུ་དེ་རེད། དེ་མིན་གྲོང་ཚོ་ཞིག་ལ་མཚོན་ནའང་འཕྲིན་གཏོང་གི་བརྒྱུད་ལམ་དང་འཕྲིན་གཏོང་གི་ཡོ་བྱད་སོགས་རིགས་གཅིག་དང་། དེ་བཞིན་ནུས་ཁུངས་ཀྱི་ཡོ་བྱད་རིགས་གཅིག་ཁོ་ན་ལ་བརྟེན་ནས་བསྡད་ཚེ། ཛ་དྲག་གི་གནས་སྟངས་འོག་ཏུ་ཡོ་བྱད་སྣ་གཅིག་དེ་ལ་བཀག་སྡོམ་བྱས་པའམ། ཡང་ན་བརྡ་རྟགས་བཅད་པ་ཡིན་ན། ཛ་དྲག་གི་སྐབས་སུ་ངེས་པར་དུ་མཁོ་བའི་འབྲེལ་ལམ་དང་དགོས་མཁོ་མང་པོ་ཞིག་གི་དཀའ་ངལ་དག་སེལ་མི་ཐུབ། དེར་བརྟེན། ནུས་ཁུངས་དང་འཕྲིན་གཏོང་གི་ལམ་ཁ་གཅིག་ཁོ་ན་ལ་བརྟེན་མི་རུང་བར་འཕྲིན་གཏོང་བརྒྱུད་ལམ་སྣ་མང་ཅན་དང་། ཉི་ནུས་གློག་ནུས་སོགས་ཀྱི་མཁོ་ཆས་རིགས་མང་པོ་གྲ་སྒྲིག་བྱ་རྒྱུའང་ཤིན་ཏུ་ནས་གལ་ཆེ་བ་བཅས།

མདོར་ན་གང་ཐུབ་ཅི་ཐུབ་ཀྱིས་བོད་རང་སའི་ཐོན་ཁུངས་བོད་པ་རང་ཉིད་ནས་བེད་སྤྱོད་གཏོང་ཐུབ་ཚེ་བོད་ཀྱི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་ཡོད་དོ། རང་ཁ་རང་གསོ་བྱ་རྒྱུ་ནི་ཛ་དྲག་གི་དུས་སྐབས་སུ་ཤིན་ཏུ་གལ་ཆེ།

  • ཟ་མ་དང་ཆུ། སྨན་རྫས་སོགས་ངེས་པར་དུ་མཁོ་བའི་དངོས་རྫས་ཀྱིས་མི་འདང་བའི་དཀའ་ངལ་འཕྲད་སྲིད་པས། སྔ་ས་ནས་དངོས་རྫས་དེ་དག་འདང་ངེས་ཤིག་གྲ་སྒྲིག་བྱ་དགོས་པ།
  • མི་དང་མིའི་བར་གྱི་འཕྲིན་འབྲེལ་ལ་བཀག་སྡོམ་དང་བར་ཆད་བཟོས་པའམ། ཡང་ན་ཁ་པར་གྱི་བརྡ་རྟགས་དང་དྲ་རྒྱ་འགོག་སྲིད་པས་ན། སྔ་ས་ནས་དེའི་ཐད་གྲ་སྒྲིག་བྱས་ཏེ་དཀའ་ངལ་སེལ་ཐབས་ཀྱི་འཆར་གཞི་བཟོ་རྒྱུ་ནི་གལ་ཆེན་པོ་ཡིན། དཔེར་ན། མཚེ་འཕྲིན་དང་། སྒྲ་སྡུད་འཕྲུལ་ཆས། འཁོར་སྐར་དྲ་རྒྱ་དང་འཁོར་སྐར་ཁ་པར་སོགས་འགྲོ་གྲོན་ཆུང་ལ་སྤྱོད་སྒོ་ཆེ་བའི་འཕྲིན་གཏོང་ཡོ་བྱད་ཀྱི་རིགས་གྲ་སྒྲིག་བྱ་དགོས།
  • གློག་ལམ་དང་སོལ་རླངས་སྦུ་གུ་སོགས་ལ་གཏོར་བརླག་ཐེབས་ཚེ་གློག་ཆད་པ་སོགས་ཀྱི་དཀའ་ངལ་བྱུང་སྲིད་པས་ན། དེ་ལ་དམིགས་ཏེ་སྲོལ་རྒྱུན་གྱི་ནུས་ཁུངས་དང་། སྤྱོད་བདེ་བའི་ཉི་ནུས་གློག་ཆས་སོགས་གྲ་སྒྲིག་བྱ་དགོས།
  • ཛ་དྲག་གི་གནས་ཚུལ་བྱུང་ཚེ་དངུལ་ཁང་གི་སྒོ་རྒྱག་པའམ་དྲ་ལམ་ནས་དངུལ་འཁོར་རྒྱུག་བྱེད་མི་ཐུབ་པའི་དཀའ་ངལ་འབྱུང་སྲིད་པས་ན། ལག་དངུལ་ཉར་རྒྱུ་དང་། ཡང་ན་སྒོར་མོ་དངུལ་ཁང་འདྲ་མིན་དུ་འཇོག་རྒྱུ།
ཕབ་ལེན་བྱོས།