ཕུགས་འདུན།

རྩོམ་ཡིགལོ་རྒྱུས།

ལོ་རྒྱུས།

ཞིང་སའི་བདག་དབང་།

འདས་པའི་དུས་རབས་མང་པོའི་ནང་དུ་འབྲོག་ལས་དང་ཞིང་ལས་ནི་བོད་མི་དམངས་ཀྱི་འཚོ་གནས་ཀྱི་གཞི་རྟེན་ཡིན། ཡིན་ནའང་མི་མང་པོས་ཞིང་ལས་དེ་འབྲོག་ལས་བཞིན་དུ་གཙིགས་ཆེན་བྱེད་ཀྱི་མེད། དོན་དངོས་སུ་བོད་ཀྱི་ཞིང་ལས་ལའང་འབྲོག་ལས་ལྟར་ཡུན་རིང་བའི་ལོ་རྒྱུས་ཡོད། བོད་ཀྱི་ས་ཆ་ནི་ཨེ་ཤེ་ཡ་གླིང་གི་གཙང་པོ་མང་པོའི་འབྱུང་ཁུངས་ཡིན་པས་གནས་འདིར་ས་བཅུད་འཛོམས་པའི་ཞིང་ས་རྒྱ་ཆེན་པོ་ཡོད། མི་རབས་ནས་མི་རབས་བར་དུ་བོད་མི་རྣམས་ཀྱིས་ཞིང་ས་གཤིན་པོ་དེ་དག་གི་སྟེང་ནས་ཞིང་ལས་གཉེར་བ་ལ་བརྟེན་ནས་རིམ་བཞིན་ཕུན་སུམ་ཚོགས་པའི་སོ་ནམ་རིག་གནས་བྱུང་ཞིང་། རང་རྐྱ་འཕེར་བའི་འཚོ་གནས་ཀྱི་མ་ལག་ཤིག་གྲུབ། དེ་དང་མཉམ་དུ་བོད་ཀྱི་ཤེས་རིག་གི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་བའི་ཞིང་སའི་བདག་དབང་གི་ལམ་ལུགས་འཐུས་ཚང་ཞིག་ཀྱང་བྱུང་ཡོད།

  • ཞིང་ས།
  • བདག་དབང་།

བོད་ཀྱི་ས་ཆའི་བདག་དབང་གི་ངོས་ནས་བཤད་ན་ཞིང་སའི་བདག་དབང་དང་སོ་ནམ་ལས་རིགས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་གནད་འགག་ཆེན་པོ་ཞིག་ཡིན། ཞིང་ས་ནི་འབྲུ་རིགས་ཀྱི་ཐོན་ཁུངས་དང་འཚོ་རྟེན་གཅིག་པོ་ཙམ་མ་ཡིན་པར། དེ་ནི་གྲོང་ཚོའི་རིག་གནས་དང་འཚོ་བའི་རྨང་གཞི་ཡིན་ལ། བོད་ཀྱི་ཡུལ་དང་མི་གཉིས་ཕན་ཚུན་དམ་དུ་སྦྲེལ་བྱེད་ཀྱི་གསེར་གྱི་ཨ་ལོང་ལྟ་བུ་ཞིག་ཀྱང་ཡིན་པས་ན། བོད་ཀྱི་ཞིང་པ་མི་སྒེར་རེ་རེས་སོ་སོར་དབང་བའི་ཞིང་སའི་རིན་ཐང་ངོ་ཤེས་པའི་ཐོག་མུ་མཐུད་ནས་ཞིང་ལས་གཉེར་བ་ཡིན་ན། རྒྱ་ཆེ་ས་ནས་བོད་པ་སྤྱིའི་ས་ཆའི་བདག་དབང་སྲུང་སྐྱོབ་ལ་ཡང་ཕན་ཆེན་པོ་ཐོགས་ཀྱི་ཡོད།

གཤམ་དུ་དྲི་བ་དྲིས་ལན་གྱི་ལམ་ནས་ཞིང་ལས་ཀྱི་གལ་ཆེའི་རང་བཞིན་འགྲེལ་བརྗོད་བྱས་ཡོད་ལ། ཞིང་ལས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་ཞིང་གྲོང་གི་འཚོ་བ་རྒྱུན་བསྲིང་བྱ་རྒྱུ་གལ་ཆེན་ཡིན་པའི་རྒྱུ་མཚན་ཁ་ཤས་ཀྱང་བགྲངས་ཡོད།

ཀ༽ ཞིང་ས་བདག་གཉེར་བྱས་ན་ཁེ་ཕན་གང་དག་ཡོད་དམ།

གཅིག། དཔལ་འབྱོར་དོན་གཉེར་བྱ་རྒྱུ་ཅི་ལྟར་ཤུགས་ཆེ་རུ་ཕྱིན་ནའང་ས་ཞིང་ནི་ང་ཚོའི་འཚོ་བའི་རྟེན་གཞི་གཙོ་བོ་དེ་ཡིན་ཞིང་། དུས་འགྱུར་དང་ནད་མུག་འཁྲུག་རྩོད་སོགས་འབྱུང་སྐབས་རང་མཁོ་རང་སྒྲུབ་བྱེད་ཐུབ།

གཉིས། ས་ཞིང་རྨོ་འདེབས་དང་འབྲེལ་ནས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་མང་པོ་ཞིག་རྒྱུན་འཛིན་བྱེད་ཐུབ།

གསུམ། ཞིང་སའི་བདག་དབང་ནི་ཕ་མེས་ཡང་མེས་རྣམས་ཀྱིས་གཅེས་པའི་ལུས་སྲོག་ཚུན་ཆད་བློས་བཏང་ནས་མི་རབས་རྗེས་མར་གནང་བ་ཞིག་ཡིན་ཞིང་། ཞིང་སའི་བདག་དབང་ཡོད་པས་ཡུལ་སྤྱིའི་བདག་པོ་རང་ཉིད་ཡིན་པའི་མི་རིགས་ཀྱི་ལ་རྒྱ་དང་སྤོབས་པ་བསྐྱེད་ཐུབ།

བཞི། ཞིང་སའི་བདག་དབང་ལ་སྲུང་སྐྱོབ་བྱས་ན་ཕ་ས་ཕ་ཡུལ་ལ་སྲུང་སྐྱོབ་བྱེད་ཐུབ།

ལྔ། ཞིང་སར་བརྟེན་ནས་གྲོང་གསེབ་ཀྱི་འཚོ་བ་བསྐྱལ་ཚེ་གཞོན་སྐྱེས་རྣམས་ལ་མི་རིགས་རང་གི་སྐད་ཡིག་དང་རིག་གནས་རྒྱུན་འཛིན་བྱ་སའི་མཐུན་རྐྱེན་དང་ཁོར་ཡུག་ཆེན་པོ་ཞིག་སྐྲུན་ཐུབ།

དྲུག། དེང་སྐབས་ཞིང་ལས་གཉེར་ནས་གྲོང་གསེབ་ཀྱི་འཚོ་བ་བསྐྱལ་རྒྱུ་དེ་དར་སྲོལ་ཆེ་རུ་འགྲོ་བཞིན་པ་དང་། གྲོང་གསེབ་ཀྱི་འཚོ་བས་མི་རྣམས་ཀྱི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་ཕན་ཆེན་པོ་ཐོགས་ཐུབ།

ཁ༽ ཞིང་སའི་བདག་དབང་སྲུང་སྐྱོབ་ཐད་ཀྱི་དཀའ་ངལ་གང་དག་ཡིན།

༡། ཞིང་ལས་དེང་རབས་འཕྲུལ་ཆས་ཅན་ཏུ་བསྒྱུར་བའི་ཚད་གཞི་མཐོན་པོར་མ་སླེབས་པས་ཞིང་པར་ཡོང་འབབ་ཉུང་ཞིང་། ཞིང་ལས་དོན་གཉེར་ལ་དཀའ་ཚེགས་ཆེ་བས་མི་མང་པོས་ཞིང་ལས་དོར་དང་འདོར་བཞིན་པ།

༢། སྲིད་གཞུང་གིས་རྨང་གཞིའི་འཛུགས་སྐྲུན་དང་། སྤྱི་ཕན། ཁོར་ཡུག་སྲུང་སྐྱོབ་སོགས་ལ་ཁ་གཡར་ནས། ཁྲིམས་ལུགས་ཀྱི་བརྒྱུད་རིམ་ཡང་དག་མ་བརྒྱུད་པར་ཞིང་པའི་ལག་ནས་ཞིང་ས་བཙན་འཕྲོག་དང་གཡོ་ལེན་བྱེད་བཞིན་པ།

༣། ཞིང་པས་ལོ་སུམ་ཅུར་བཀོལ་སྤྱོད་བྱེད་ཆོག་པའི་ཁྲིམས་མཐུན་གྱི་ཞིང་སའི་བདག་དབང་ལ་སྲིད་གཞུང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འགལ་གྱི་ཐོག་ནས་ཇུས་གཏོགས་རབ་དང་རིམ་པ་བྱེད་བཞིན་པ།

༤། སྲིད་གཞུང་གིས་རོགས་དངུལ་དང་གུན་གསབ་ཀྱི་རིགས་འདྲ་མཉམ་དང་ལུགས་མཐུན་མིན་པའི་སྒོ་ནས་སྤྲད་དེ། ཞིང་པ་དང་སྡེ་མི་ཕན་ཚུན་བར་འགལ་ཟླ་བཟོ་བཞིན་པ་དང་། རོགས་དངུལ་ལ་བརྟེན་ནས་ཞིང་ས་བེད་སྤྱོད་ཀྱི་དབང་ཆར་ཚོད་འཛིན་བྱེད་བཞིན་པ།

༥། གཞུང་གིས་ཤིང་སྡོང་སོགས་འཛུགས་རྒྱུའི་ལས་གཞིའི་འོག་ཏུ་ཞིང་སའི་ངོ་བོ་བསྒྱུར་ཅིང་། ཞིང་ས་ནགས་ས་རུ་གྱུར་རྗེས་ཞིང་པའི་ལག་ནས་ཞིང་སའི་བདག་དབང་ལེན་བཞིན་པ།

༦། མི་མང་པོས་ཞིང་ལས་ལ་མཐོང་མི་སྤྲོད་པ་དང་། ཞིང་སའི་རིན་ཐང་མ་ཤེས་པས་ཞིང་ལས་གཉེར་ན་མདུན་ལམ་མི་འདུག་སྙམ་པ། གཞོན་སྐྱེས་མང་པོར་ཞིང་ལས་ཤེས་བྱར་དོ་སྣང་མེད་པ།

ག༽ ཞིང་ས་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གང་དག་ཡིན།

༡། ཞིང་སའི་བདག་དབང་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ནུས་པ་ཆེ་ཤོས་ནི་མུ་མཐུད་ནས་ཞིང་རྨོ་འདེབས་བྱེད་རྒྱུ་དེ་ཡིན། རྒྱུན་རིང་པོར་ཞིང་ཁ་རྨོ་འདེབས་མ་བྱས་པར་ཞིང་ས་ས་རྒོད་དུ་གྱུར་བའམ། ཞིང་ས་ནགས་ས་རུ་བསྒྱུར་བ་སོགས་བྱུང་ཚེ་ཞིང་པའི་ལག་ནས་ཞིང་སའི་བདག་དབང་ཤོར་རྒྱུའི་ཉེན་ཁ་ཡོད་པས་ཞིང་ས་མུ་མཐུད་ནས་རྨོ་རྒྱུ།

༢། ཤོག་དངུལ་གྱི་འཛའ་ཐང་ལོ་རེ་བཞིན་མར་ཆགས་ཀྱི་ཡོད་ཀྱང་། ཞིང་སའི་རིན་ཐང་དེ་ལྟར་མིན་པས། མི་མང་པོར་ཞིང་ས་ནི་དངུལ་སྒོར་ལས་རྩ་ཆེན་པོ་ཡིན་པའི་ངོས་ཟིན་ཐོབ་ཏུ་འཇུག་རྒྱུ།

༣། ཞིས་ཅིན་ཕིན་གྱིས་ཞིང་ས་ནི་རྒྱལ་ཁབ་ཀྱི་སྲོག་རྩ་ཡིན་པར་བསྒྲགས་ཡོད་པ་བཞིན། ཞིང་པ་ཚོས་ཆེས་མཐོའི་མགོ་ཁྲིད་ཀྱི་གཏམ་བཤད་ཀྱི་ནང་དོན་དང་། ཁྲིམས་དང་སྲིད་ཇུས་ཀྱི་ཡིག་ཆ་ལུང་འདྲེན་བྱས་ནས་རང་ཉིད་ཀྱི་ཞིང་སའི་བདག་དབང་སྲུང་སྐྱོབ་བྱེད་རྒྱུ།

༤། ཞིང་པ་ཚོས་ས་གནས་སྲིད་གཞུང་གི་ས་ཆ་བཀོལ་སྤྱོད་ཀྱི་སྲིད་ཇུས་ཁྲིམས་མཐུན་དང་། ཕྱི་གསལ་ནང་གསལ། དྲང་བདེན་བཅས་ཀྱི་ཐོག་ནས་ལག་བསྟར་བྱེད་ཀྱི་ཡོད་མེད་ཁག་ཐེག་བྱེད་དགོས་ལ། ས་གནས་སྲིད་གཞུང་གིས་ཞིང་ས་བསྡུ་ལེན་བྱེད་སྐབས། དེ་འབྲེལ་གྱི་ཁྲིམས་ཐོག་གི་ཡིག་ཆ་དང་བཀའ་འཁྲོལ་སོགས་རྩད་ཞིབ་བྱས་ཏེ། ས་གནས་ཀྱི་དཔོན་རིགས་ཁག་ལ་ཁྲིམས་ཐོག་གི་འགན་འཁྲི་དང་ལེན་བྱེད་དུ་འཇུག་རྒྱུ།

༥། ས་གནས་དཔོན་རིགས་དང་སྒེར་གྱི་ཁེ་ལས་མཉམ་འབྲེལ་བྱས་ཏེ་ཞིང་པའི་ལག་ནས་བཙན་ཤེད་ཀྱིས་ཞིང་སའི་བདག་དབང་དང་ཐོབ་ཐང་འཕྲོག་བཞིན་པའི་སྐབས་སུ། སྡེ་བའི་མིང་ཐོག་ནས་གྲོས་མོལ་དང་ཞུ་གཏུག་བྱས་པ་ཡིན་ན། ཞིང་པ་ཁྱིམ་ཚང་གཅིག་ལས་ལྡབ་འགྱུར་གྱི་ནུས་པ་ཆེ་བ་ཡོད། གལ་ཏེ་ས་གནས་རིམ་པའི་སྲིད་གཞུང་གིས་འདོད་བློ་ཁེངས་པའི་ཡ་ལན་མ་སྤྲད་ཚེ། ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་སྲིད་གཞུང་ལ་ཞུ་གཏུག་བྱས་ཏེ། ཁྲིམས་འགལ་གྱི་ཐོག་ནས་ཞིང་ས་བཙན་འཕྲོག་བྱེད་བཞིན་པ་འགོག་ཐབས་བྱེད་རྒྱུ།

༦། དེང་སྐབས་བོད་ཀྱི་གྲོང་གསེབ་དུ་སྡོད་མཁན་ཉུང་རུ་ཕྱིན་ནས་གྲོང་གསེབ་ཁག་ཤུལ་མེད་དུ་འགྱུར་བཞིན་ཡོད་པས་ན། ང་ཚོས་ཉི་ཧོང་དང་ལྷོ་ཀོ་རེ་ཡ་གཉིས་ཀྱིས་སོ་ནམ་ཞིང་ལས་དང་ཡུལ་སྐོར་སྤྲོ་འཆམ། ས་གནས་ཀྱི་ལག་ཤེས་བཟོ་ལས། ཟས་རིགས་ཀྱི་ཚོང་རྟགས་བཅས་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་གི་ཡོད་པ་དེར་མིག་དཔེར་བལྟ་འོས་ཤིང་། བོད་མི་རྣམས་ཀྱིས་ཀྱང་ཞིང་ལས་དེང་རབས་ཅན་དུ་བསྒྱུར་བ་དང་། ས་གནས་ཀྱི་ཟས་རིགས་ལས་སྣོན་བཟོ་གྲྭ་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཀྱི་ཁེ་ལས་དང་ཡུལ་སྐོར་ལས་རིགས་སྐུལ་འདེད་གཏོང་བ་སོགས་བྱས་ཏེ་གྲོང་གསེབ་ས་ཁུལ་དུ་ཡུན་གནས་ཐུབ་པའི་དཔལ་འབྱོར་གྱི་གོ་སྐབས་བསྐྲུན་རྒྱུ།

༧། མཉམ་འབྲེལ་གྱིས་ཞིང་ལས་གཉེར་ཏེ། གྲོང་གསེབ་ཁག་ཏུ་ཞིང་ལས་ཐོན་རྫས་ཕྱིར་ཚོང་གི་ཁྲོམ་ར་རྒྱ་བསྐྱེད་དང་། འཁྱགས་ཟས་ཁྲོམ་ར་གསར་འཛུགས། དྲ་ལམ་ཚོང་ལས་ཡར་རྒྱས། ལས་ཀའི་གོ་སྐབས་རྒྱ་བསྐྱེད། འཚོ་བའི་སྤུས་ཚད་ཡར་རྒྱས་གཏོང་བ་བཅས་ཀྱི་ཐབས་ལམ་བརྒྱུད་ནས། གཞོན་སྐྱེས་རྣམས་གྲོང་གསེབ་ཏུ་གཏན་སྡོད་བྱེད་པར་སྐུལ་འདེད་གཏོང་རྒྱུ།

ང༽ ཞིང་ས་གཞན་ལ་གླ་དུས་མཉམ་འཇོག་བྱ་དགོས་པ་གང་དག་ཡོད་དམ།

༡། ཕྱི་མི་ཞིང་ས་གླ་མཁན་གྱིས་དུས་ཐུང་གི་ཁེ་ཕན་གྱི་ཆེད་དུ་ས་བཅུད་ཉམས་པར་བྱ་བའི་ལུད་རྫས་དང་འབུ་སྨན་གྱི་རིགས་བེད་སྤྱོད་དང་། ཞིང་ས་ལ་མི་འཚམ་པའི་སྐྱེ་དངོས་ཀྱི་རིགས་བཏབ་ནས་ཞིང་སའི་སྤུས་ཚད་ཇེ་ཞན་དུ་གཏོང་སྲིད་པས་གནས་ཚུལ་དེ་རིགས་ལ་མཉམ་འཇོག་རྒྱུ།

༢། ཞིང་ས་མི་གཞན་ལ་གླ་དུས་གན་རྒྱ་ཁ་གསལ་བོར་མེད་ཚེ་རང་ཉིད་ལ་གྱོང་ཆེན་པོ་ཕོག་རྒྱུའམ། འོས་མིན་གྱི་རྩོད་རྙོག་ཆེན་པོ་འབྱུང་སྲིད་པས་ན། ཞིང་ས་གཞན་ལ་གླ་དུས་གན་རྒྱ་ཁ་གསལ་བོ་ཡོད་མེད་དང་། རང་ཉིད་གན་རྒྱ་ལ་རྒྱུས་ཆེན་པོ་ཡོད་མེད་ལ་མཉམ་འཇོག་རྒྱུ།

༣། འཕྲལ་ཕུགས་གཉིས་ཀྱི་ཁེ་གྱོང་ལ་རྩིས་གསལ་བོར་བརྒྱབ་ནས། ཞིང་ས་རང་གིས་འདེབས་དགོས་སམ། ཡང་ན་གཞན་ལ་གླ་དགོས་མིན་ཐག་གཅོད་རྒྱུ།

མཇུག་སྡོམ།

ཕ་ཞིང་དོར་ནས་ཚེར་མ་རྨོས།།
ཁ་དང་ལག་པ་མི་ལ་བཟེད།།

ངལ་བ་མི་དགོས་སྐྱིད་དོ་ལོ།།
ཞིང་མེད་རོང་པ་མི་སྐྱོ་འམ།།

ཞེས་གསུངས་པ་ལྟར། ང་ཚོར་ཕ་ས་དྲོད་མོ་ཞིག་ཡོད་བཞིན་དུ། དེ་ལ་བདག་སྐྱོང་མ་བྱས་པར་ཕྱི་མི་ལ་བཙོང་བ་དང་གླ་བ་སོགས་བྱས་ན་ནོར་བུ་རང་ལ་ཡོད་ཀྱང་ནོར་བུའི་ནོར་ངོ་མ་ཆོད་པ་ལྟ་བུ་མ་རེད་དམ། ལྷག་པར་དུ་ང་ཚོའི་ཞིང་ས་དང་རྩྭ་ཐང་དག་ནི། བཙན་པོའི་དཔའ་ངར་གྱིས་བསྐྱངས་ཤིང་། ཕ་མེས་ཀྱིས་རྔུལ་ཁྲག་གིས་འཚོས་ནས་ཡོང་བས། འདི་ལ་མེས་པོའི་དགའ་སྐྱོ་ཡི་གཏམ་རྒྱུད་དང་། མི་རབས་འདིའི་རེ་བ། མི་རབས་རྗེས་མའི་འཚོ་གནས་སོགས་ཡོད་ཚད་འདུས་ཡོད། དེ་བས། འཇིག་རྟེན་གཏམ་ལ། ཕ་ཞིང་ས་རྒོད་ཡིན་ཀྱང་རྨོ་དགོས་ཞེས་པ་དང་། མི་ལ་རྒྱུ་དགོས། རྒྱུ་ལ་བདག་པོ་དགོས་ཞེས་པའི་དཔེ་ལྟར། ཕ་མེས་ཡང་མེས་ནས་ང་ཚོར་སྤྲད་པའི་ཞིང་ས་དང་རི་ཆུ་ནགས་གསུམ་གྱི་བདག་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་འགན་ཁུར་ཡིན་ལ། ཐོབ་ཐང་ཡང་ཡིན།

ཕབ་ལེན་བྱོས།